ཕྱིའི་བཀོད་པ།

གསལ་བསྒྲགས་སྦྱར་པང་།  

ཕྱིའི་བཀོད་པ།

རྒྱ་ཁྱོན་ཨེ་ཀར་ཉེར་དགུ་ལས་གྲུབ་ཅིང་ལྗང་མདོག་གིས་བརྒྱན་པའི་གཙུག་ལག་སློབ་ཁང་དེ་ཉིད་ཀྱི་ཁོར་ཡུག་ནི། རྩི་ཤིང་མེ་ཏོག་དང་བྱ་བྱིའུ་སྲོག་ཆགས་འདྲ་མིན་འཚོ་སྡོད་བྱེད་ཡུལ་གྱི་ཁྱིམ་གཞིས་ཆུང་ངུ་ཞིག་ཏུ་གྱུར་ཡོད་པ་མ་ཟད། སྐྱེ་དངོས་ཀྱི་རིགས་གཞན་ཀྱང་རྟེན་གཞི་བྱེད་ཡུལ་ཞིག་ཏུ་འགྱུར་ཡོད། གཙུག་ལག་སློབ་ཁང་དུ་ཡིད་དུ་འོང་བའི་ཆུ་རྫིང་དང་མེ་ཏོག་གི་གྲལ་སྟར། ཉམས་བརྗིད་ལྡན་ལ་ངོ་མཚར་ཆེ་བའི་བོད་ཀྱི་གནའ་བོའི་སྲོལ་རྒྱུན་བཟོ་བཀོད་ལས་གྲུབ་པའི་ཁང་བརྩེགས་དང་། དུས་འཁོར་སྨན་གྱི་སྐྱེད་ཚལ་སོགས་ཀྱིས་གཙུག་ལག་སློབ་ཁང་དེ་ཉིད་ཡོངས་སུ་བརྒྱན་ཡོད།

ལྷག་པར་གཙུག་ལག་སློབ་ཁང་འདི་ཉིད་ཤོག་སྦག་དང་། འགྱིག་རིགས་སོགས་སྤྱོད་མི་ཆོག་པའི་ཁོར་ཡུག་ཅིག་ཏུའང་གྱུར་ཡོད། དེ་ལྟར་ཞི་བདེ་དང་ལྷིང་འཇགས་ཀྱི་ཁོར་ཡུག་འདིས་སློབ་གཉེར་བ་རྣམས་བསླབ་པའི་གནས་སུ་ཐོས་བསམ་སྒོམ་གསུམ་བྱ་བར་མཐུན་རྐྱེན་ཡང་དག་ཅིག་སྐྲུན་ཡོད། གཙུག་ལག་སློབ་ཁང་དུ་འཛིན་སྐྱོང་གི་ལས་ཁུངས་ཁག་དང་། ཤེས་ཡོན་སྡེ་ཚན་བཞི་ཡི་ལས་ཁུངས་ཁག དེ་བཞིན་གནའ་དེང་ཟུང་སྦྲེལ་གྱི་འཛིན་ཁང་དང་ལྷན་དུ་སློབ་དཔོན་དང་སློབ་དཔོན་ལས་རོགས་བཅས་ཀྱི་གཞུང་ལས་ཁང་དག་ཀྱང་ཡོད། ཤེས་ཡོན་སྡེ་ཁག་གི་ཁང་བརྩེགས་དག་ནི་གནའ་བོའི་བཟོ་བཀོད་དང་དེང་རབས་འཕྲུལ་ཆས་ཀྱི་ཆ་རྐྱེན་ཆ་སྙོམས་སུ་སྤྱད་འབྲས་ལས་བྱུང་བའི་མཛེས་བཀོད་ཕུན་སུམ་ཚོགས་པ་ཞིག་ཡིན།
དེང་རབས་འཛིན་ཁང་ཁག་ཏུ་དགེ་རྒན་རྣམ་པས་ཐད་ཀར་དཀར་པང་ཐོག་རེག་ཐུག་གི་ལམ་ནས་སློབ་ཁྲིད་བྱ་བའི་མཐུན་རྐྱེན་ཡོད་པ་ཙམ་མ་ཟད་གློག་ཀླད་དང་འཕྲེད་དར། དེ་བཞིན་སྒྲ་བརྙན་སོགས་སློབ་ཁྲིད་ཀྱི་ཐབས་ལམ་མི་འདྲ་བ་བཀོལ་སྤྱོད་གནང་རྒྱུའི་མཐུན་རྐྱེན་ཀྱང་ལྡན་ཡོད།

གཙུག་ལག་སློབ་གཉེར་ཁང་དུ་འཕྲོད་བསྟེན་ལྟ་སྐྱོང་ཁང་གཉིས་དང་། གསོ་རིག་སྨན་དཔྱད་ཁང་བརྒྱུད་དེ་སྨན་བཅོས་ཀྱི་མཐུན་རྐྱེན་ཏེ་སློབ་མ་ཙམ་མ་ཟད་མང་ཚོགས་བྱིངས་ཀྱི་སླད་དུའང་མཐུན་རྐྱེན་སྦྱོར་བཞིན་ཡོད་པས་ན། གཡུ་ཐོག་གསོ་རིག་སྨན་དཔྱད་སློབ་གཉེར་ཁང་དང་སྨན་ཁང་ནི་འགྲོ་བ་མིའི་རིགས་ལ་ཕན་རླབས་དང་དགོས་ངེས་སུ་འགྱུར་བའི་དེང་རབས་ཀྱི་ངོ་མཚར་ཞིག་ཀྱང་ཡིན། གཞན་ཡང་གཙུག་ལག་སློབ་གཉེར་ཁང་དུ་རྐང་རྩེད་སྤོ་ལོ་དང་། ལག་རྩེད་སྤོ་ལོ། དེ་བཞིན་བྱ་སྒྲོའི་ཕོང་རྩེད་སོགས་ཀྱི་རྩེད་ཐང་དང་གསོ་སྦྱོང་གི་མཐུན་རྐྱེན་སོགས་ཡོད་པ་མ་ཟད་སྲོད་ཀྱི་དུས་སུ་སློབ་མ་རྣམས་ཀྱིས་རྩེད་རིགས་འདྲ་མིན་གོ་སྒྲིག་ཞུ་བར་རྩེད་ཐང་དེ་དག་ཏུ་གློག་སྒྲོན་སོགས་ཀྱི་མཐུན་རྐྱེན་ཀྱང་ལྡན་ཡོད། སློབ་མའི་ཁང་ཚན་ཁག་གི་ནང་ལུས་སྦྱོང་ཁང་དང་། དཔེ་ཀློག་ཁང་། ད་དུང་ཉེར་མཁོའི་མཐུན་རྐྱེན་གཞན་ཁག་ཀྱང་ལྡན་ཡོད། གཞན་ཡང་སློབ་མ་བྱིངས་ཀྱི་ཉིན་རེའི་ཞལ་ལག་སླད་ལྟོ་ཚང་ངམ་གསོལ་ཚིགས་ཁང་དང་། ལྷག་པར་རྒྱ་བོད་ཀྱི་ཞལ་ལག་ཡོད་པའི་གཙུག་ལག་སློབ་ཁང་གི་ཟ་ཁང་ཀྱང་སློབ་གླིང་ར་བའི་ནང་ལོགས་སུ་ཡོད།

Click below for Registration-NCISM-NEET-SR UG 2024-2025