ཤེས་ཡོན།

གསལ་བསྒྲགས་སྦྱར་པང་།  

ཤེས་ཡོན།

སློབ་གཉེར་ཁང་འདིས་བཙན་བྱོལ་བོད་མི་དང་རྒྱ་གར་ཧི་མཱ་ལ་ཡའི་ཁུལ་གྱི་སློབ་གཉེར་བ་རྣམས་ལ་དམིགས་བསལ་ཞབས་འདེགས་ཞུ་རྒྱུ་དམིགས་ཡུལ་དུ་བཟུང་ཡོད། ཞིབ་འཇུག་སྡེ་ཚན་ལྔ་དང་ལྷན་དུ་སློབ་གཉེར་ཁང་བཅུ་གསུམ་དུ་ཕྱེ་བའི་སློབ་གཉེར་སྡེ་ཚན་ལྔ་ཡོད། སློབ་གཉེར་ཁང་འདིའི་བསླབ་གཞི་གཙོ་བོ་ནི་ནང་པའི་ལྟ་གྲུབ་སྡེ་ཚན་ཡིན་ཞིང་། སྡེ་ཚན་འདིའི་ནང་རྒྱ་གར་གྱི་ནང་པའི་ལྟ་གྲུབ་དང་། རྙིང་མ། བཀའ་བརྒྱུད། ས་སྐྱ། དགེ་ལུགས། བོན་བཅས་ཀྱི་ཆོས་བརྒྱུད་ཁག་ཚུད་ཡོད།
གང་ལ་སློབ་གཉེར་བ་རྣམས་རྒྱ་གར་ནང་ས་གནས་འདྲ་མིན་དུ་དགེ་རྒན་གྱི་ཞབས་ཞུ་བསྒྲུབ་ཆེད་སྦྱོང་བརྡར་སྤྲོད་བཞིན་པའི་དགེ་འོས་སྦྱོང་བརྡར་ལྟེ་གནས་ཀྱང་གནའ་དེང་སྐད་ཡིག་རིག་སྡེས་བལྟ་རྟོགས་བྱེད་ཀྱི་ཡོད་ཅིང་། སྤྱི་ཚོགས་ཚན་རིག་གི་རིག་སྡེའི་ཁོངས་སུ་ཨེ་ཤེ་ཡའི་ལོ་རྒྱུས་དང་། བོད་ཀྱི་ལོ་རྒྱུས། སྲིད་དོན་རིག་པ། དཔལ་འབྱོར་རིག་པ་བཅས་སློབ་འཁྲིད་བྱེད་ཀྱི་ཡོད་ལ། སྒྱུ་རྩལ་རིག་སྡེའི་ཁོངས་སུ་བོད་ཀྱི་སྲོལ་རྒྱུན་རི་མོ་དང་ཤིང་བཟོའི་སློབ་ཚན་རྣམས་སློབ་ཁྲིད་བྱེད་ཀྱི་ཡོད། གསོ་རིག་རིག་སྡེར་རྩིས་དང་སྨན་གྱི་སྡེ་ཚན་གཉིས་ཡོད་པ་ལས། རྩིས་ཀྱི་སྡེ་ཚན་ནང་རྩིས་དང་། གསོ་རིག་སྡེ་ཚན་ནང་བོད་སྨན་སློབ་འཁྲིད་བྱེད་ཀྱི་ཡོད།

གནའ་བོའི་དཔལ་ཎཱ་ལེན་ཌའི་རྩོད་སྒྲུབ་ཀྱི་སྲོལ་རྒྱུན་རྒྱུན་འཛིན་དང་སྦྲགས། སློབ་ཕྲུག་ཚོར་དེང་རབས་ཀྱི་འཇིག་རྟེན་དུ་འཕྲད་པའི་དཀའ་ངལ་དང་གོ་སྐབས་གཉིས་ཀར་གདོང་ལེན་བྱེད་པའི་ཤེས་ཡོན་སློབ་སྦྱོང་སྤྲོད་རྒྱུའི་དམིགས་ཡུལ་འཛིན་ཡོད། སྲོལ་རྒྱུན་གྱི་ཤེས་ཡོན་དང་རིན་ཐང་རྒྱུན་སྲིང་བྱེད་པ་དང་ཆབས་ཅིག་སྲོལ་རྒྱུན་གྱི་བཟང་སྤྱོད་དང་རིན་ཐང་དང་ལྷན་དུ་དཔལ་འབྱོར་རིག་པ་དང་། ཆབ་སྲིད་རིག་པ།དབྱིན་ཇིའི་སྐད་ཡིག གློག་ཀླད་རིག་པ། ཉེ་བའི་གཙུག་ལག་རབ་འབྱམས་དགེ་འོས་བཅས་ཀྱི་སྦྱོང་བརྡར་སློབ་འཁྲིད་བྱེད། སློབ་ཕྲུག་ཙམ་མ་ཡིན་པར་སློབ་གཉེར་ཁང་གི་དགེ་རྒན་ཚོར་ཡང་ཆེད་སྦྱོང་དང་། ཚོགས་འདུ། ཟབ་སྦྱོང་སོགས་འཆར་ཅན་གོ་སྒྲིག་ཞུ་ཡི་ཡོད།

སློབ་གཉེར་ཁང་འདི་ཐོག་མར་དབུ་བརྙེས་པ་ནས་བཟུང་། སློབ་སྤྱི་དང་ངེས་སྟོན་པ། དེ་ནས་རིགས་ཀྱི་བདག་པོ་བཅས་ཕེབས་པའི་རིམ་པ་ནི། སློབ་སྤྱི་སྐྱབས་རྗེ་ཟོང་རིན་པོ་ཆེ་དང་། ངེས་སྟོན་པ་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ། རིགས་ཀྱི་བདག་པོ་སློབ་དཔོན་ཆེན་མོ་ངག་དབང་བསམ་གཏན། རིགས་ཀྱི་བདག་པོ་སློབ་དཔོན་ཆེན་མོ་བློ་བཟང་ནོར་བུ་ཤསྟྲི། ད་ལྟའི་ལས་ཐོག་རིགས་ཀྱི་བདག་པོ་སློབ་དཔོན་ཆེན་མོ་དབང་ཕྱུག་རྡོ་རྗེ་ནེ་གི་བཅས་ཡིན།

གསལ་བསྒྲགས་སྦྱར་པང་།