Sampradaya
གསལ་བསྒྲགས་སྦྱར་པང་།
དགེ་ལུགས་ཆོས་བརྒྱུད།
བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ལས་རི་བོ་དགེ་ལྡན་པ་ནི། རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལ་བྱུང་བའི་བཀའ་གདམས ་པའི་ལུགས་ལས་མཆེད་པ་ཞིག་ཡིན། རི་བོ་དགེ་ལྡན་ནམ་དགེ་ལུགས་ཆོས་བརྒྱུད་ནི། ཆོས་རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་(༡༣༥༧-༡༤༡༩) སྲོལ་གཏོད་མཛད་ཅིང་། ཁོང་ནི་བོད་ཀྱི་མདོ་སྨད་ཙོང་ཁའི་ཡུལ་དུ་འཁྲུངས། དགུང་ལོ་གསུམ་སོན་སྐབས་ཀརྨ་པ་སྐུ་ཕྲེང་བཞི་པ་རོལ་པའི་རྡོ་རྗེའི་དྲུང་ནས་རབ་ཏུ་བྱུང་སྟེ་མཚན་ལ་ཀུན་དགའ་སྙིང་པོ་ཞེས་གསོལ། དེ་ནས་དགུང་ལོ་བདུན་གྱི་སྐབས་ཆོས་རྗེ་དོན་གྲུབ་རིན་ཆེན་ལས་དགེ་ཚུལ་གྱི་སྡོམ ་པ་བཞེས་ཏེ་མཚན་ལ་བློ་བཟང་གྲགས་པ་གསོལ། རྗེ་ཙོང་ཁ་པས་བོད་ཁུལ་གྱི་གནས་དུ་མར་ཆེད་དུ་ཕེབས་ཏེ། བཀའ་གདམས་པའི་བླ་མ་རྣམས་གཙོ་བོར་འགྱུར་པའི་བོད་ཀྱི་ཆོས་བརྒྱུད་ཡོངས་རྫོགས་ ཀྱི་བླ་མ་རྣམས་ཀྱི་དྲུང་ནས་གསན་བསམ་སློབ་གཉེར་རྒྱ་ཆེར་མཛད། བི་ཀྲ་མ་ཤཱི་ལ་དང་ནཱ་ལནྡཱའི་གཙུག་ལག་ཁང་གི་སློབ་དཔོན་ཆེན་པོ་ཇོ་བོ་རྗེ་དཔལ་ ལྡན་ཨ་ཏི་ཤ་མཆོག་བོད་དུ་སྤྱི་ལོ་༡༠༣༩ ལོར་གདན་དྲངས་པ་ལས་མདོ་སྔགས་ཀྱི་བསྟན་པ་གཉིས་ཀ་བསྟན་པར་མཛད། ཁོང་གི་བསྟན་པའི་བརྒྱུད་པ་དེ་ཕྱིས་སུ་འཁུ་སྟོན་དང་། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་(༡༠༥༩-༡༡༠༩)། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་(༡༠༠༥- ༡༠༦༤)་བཅས་བརྒྱུད་ནས་བཀའ་གདམས་པའི་བརྒྱུད་པ་ཞེས་གྲགས། མཁས་དབང་ཙོང་ཁ་པ་ལ་སློབ་མ་མང་པོ་བྱུང་ཡོད་པ་ལས། རྒྱལ་ཚབ་དར་མ་རིན་ཆེན་(༡༣༦༤- ༡༤༣༢)། མཁས་གྲུབ་དགེ་ལེགས་དཔལ་བཟང་(༡༣༨༥-༡༤༣༨)། རྒྱལ་བ་དགེ་འདུན་གྲུབ་(༡༣༩༡- ༡༤༧༤)། འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་(༡༣༧༩-༡༤༤༩)། འཇམ་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས། རྗེ་ཤེས་རབ་སེང་གེ། ཀུན་དགའ་དོན་གྲུབ་(༡༣༥༤- ༡༤༣༥)་བཅས་ནི་མཁས་པ་གྲགས་ཅན་ཡིན་པ་དང་། ཁོང་རྣམས་ཀྱིས་དགེ་ལུགས་པའི་བསམ་བློའི་བརྒྱུད་པ་ལོ་མང་པོར་བརྒྱུད་སྤེལ་མཛད།
སྤྱི་ལོ་ ༡༤༠༩ ལོར་རྗེ་ཙོང་ཁ་པ་མཆོག་གིས་དགའ་ལྡན་དགོན་པ་ཕྱག་བཏབ་ལས་བོད་དུ་དགའ་ལྡན་པ་ཞེས་ དགེ་ལུགས་ཆོས་བརྒྱུད་ཀྱི་བསྟན་པའི་སྲོལ་འབྱེད། དུས་ཕྱིས་སུ་དགའ་ལྡན་དགོན་པ་ལའང་དགའ་ལྡན་ཤར་རྩེ་དང་། དགའ་ལྡན་བྱང་རྩེ་ཞེས་གཉིས་བྱུང་བ་དང་། རིམ་བཞིན་དགེ་ལུགས་ཆོས་བརྒྱུད་ཀྱི་དགོན་ཆེན་གཞན་ཁག་སྟེ། འབྲས་སྤུངས་དགོན་དང་། སེ་ར་དགོན། བཀྲ་ཤིས་ལྷུན་པོ། རྒྱུད་སྟོད་དང་རྒྱུད་སྨད་བཅས་བྱུང་ཡོད་པ་ལས་སྤྱི་ལོ་ ༡༤༡༦ ལོར་རྗེ་ཙོང་ཁ་པ་སློབ་མ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་གྱིས་འབྲས་སྤུངས ་དགོན་པ་ཕྱག་བཏབ། དེའི་ཡན་ལག་ཏུ་འབྲས་སྤུངས་བློ་གསལ་གླིང་དང་། འབྲས་སྤུངས་སྒོ་མང་གཉིས་བྱུང་། སྤྱི་ལོ་ ༡༤༡༩ ལོར་རྗེ་ཙོང་ཁ་པའི་སློབ་མ་གཞན་འཇམ་དབྱངས་ཆོས་རྗེ་ས་སྐྱ་ཡེ་ཤེས་ཀྱིས་སེ་ར་ད གོན་ཕྱག་བཏབ་མཛད་པ་དང་། དེའི་ཡན་ལག་ཏུ་སེ་ར་བྱེས་དང་། སེ་ར་སྨད་ཅེས་གཉིས་བྱུང་། སྤྱི་ལོ་ ༡༤༤༧ ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ་༧རྒྱལ་བ་དགེ་འདུན་གྲུབ་པ་མཆོག་ནས་གཙང་གཞིས་ ཀ་རྩེ་གདན་ས་བཀྲ་ཤིས་ལྷུན་པོ་ཕྱག་བཏབ་པ་ཕྱིས་སུ་པཎ་ཆེན་སྐུ་ཐོག་རིམ་བྱོན་ གྱི་ གདན་ས་དེ་དག་ཏུ་དགེ་འདུན་པ་རྣམས་ཀྱི་མདོ་ཕྱོགས་ཀྱི་སློབ་གཉེར་ལེགས་པར་གྲུབ་ རྗེས་དཔལ་ལྡན་རྒྱུད་སྟོད་དང་རྒྱུད་སྨད་གྲྭ་ཚང་གཉིས་སུ་གསང་སྔགས་ཀྱི་སློབ་ ཁྲིད་ལག་ལེན་དང་བཅས་སློབ་གཉེར་མཛད་བཞིན་ཡོད། རྗེ་ཤེས་རབ་སེང་གེས་སྤྱི་ལོ་ ༡༤༤༠ ལོར་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་དང་། རྒྱུད་ཆེན་ཀུན་དགའ་དོན་གྲུབ་ནས་སྤྱི་ལོ་ ༡༤༧༤ ལོར་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་ཕྱག་བཏབ་མཛད། རི་བོ་དགེ་ལྡན་པའི་ལྟ་གྲུབ་གཙོ་བོ་ནི། རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ཆོས་རྒྱུན་རྨང་གཞི ར་བཟུང་བའི་ལམ་རིམ་ཆེན་པོའི་ཁྲིད་རྣམས་ཡིན། རི་བོ་དགེ་ལྡན་པའི་གདན་ས་ཁག་ཏུ་གཞུང་ཆེན་བཀའ་པོད་ལྔ་སྟེ། ཆོས་མངོན་པ་མཛོད་གཙོ་བོར་འགྱུར་བའི་མངོན་པའི་གཞུང་། སོ་ཐར་མདོ་སོགས་འདུལ་བའི་གཞུང་། ཚད་མ་རྣམ་འགྲེལ་གཙོ་བོར་འགྱུར་བའི་ཚད་མའི་གཞུང་། མངོན་རྟོགས་རྒྱན་གཙོ་བོར་འགྱུར་བའི་ཤེར་ཕྱིན་གྱི་གཞུང་། དབུ་མ་འཇུག་གཙོ་བོར་འགྱུར་བའི་དབུ་མའི་གཞུང་བཅས་ལ་སློབ་གཉེར་བྱེད་བཞིན་ཡོད་ པ་མ་ཟད། མདོ་སྔགས་ཟུང་འབྲེལ་གྱི་ཉམས་ལེན་ཏེ། སྟོང་ཉིད་ཀྱི་ལྟ་བ་རྟོགས་པ་དང་། སྙིང་རྗེ་དང་བདེ་བ་ཆེན་པོ་ལམ་དུ་འཁྱེར་བ་བཅས་ཡིན།