མཐོ་སློབ་ཀྱི་སྤྱི་ཚོག SOCIAL IMPACT

སྤྱི་ཚོགས་ནང་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་ཁང་གི་ཤུགས་རྐྱེན་དང་། མིའི་འཚོ་བ་ལ་ཡར་རྒྱས་ཇི་ལྟར་བཏང་སྐོར།

གཙུག་ལག་སློབ་གཉེར་ཁང་གི་ལས་འགན་ནི་སྤྱི་ཚོགས་ནང་མཐོ་རིམ་སློབ་སྦྱོང་སྤེལ་བ་ཙམ་མིན་པར་འགྲོ་བ་མིའི་རིགས་ཀྱི་བདེ་སྡུག་ལ་བསམ་གཞིགས་དང་ཐུགས་སྣང་བྱེད་རྒྱུའི་འགན་འཁྲི་ཡོད་པ་རེད། ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་ཁང་གིས་སྤྱི་ཚོགས་ནང་དངོས་ཡོད་དཀའ་ངལ་ཡོད་པའི་དབུལ་ཕོངས་ལ་ནུས་ཤུགས་གང་ཡོད་ཀྱིས་རོགས་རམ་བྱེད་རྒྱུའི་འགན་འཁྲི་ཡོད་པ་རྟོགས་ཀྱི་ཡོད་ཅིང་། མཐོ་སློབ་འདིའི་འཆར་སྣང་ཡང་ཚད་ངེས་ཅན་ཞིག་གི་ཐོག་ནས་ཤེས་ཡོན་བརྒྱུད་སྤྲོད་བྱས་པ་ཁོ་ན་ཙམ་མིན་པར། ཉེ་འཁོར་གྱི་ས་ཁུལ་ཡར་རྒྱས་གཏོང་བ་དང་། སྤྱི་ཚོགས་ཡར་རྒྱས་ཡོང་བར་འགན་འཁུར་གྱི་འདུ་ཤེས་སྤེལ་རྒྱུ་དེ་ཡང་གལ་ཆེན་དོན་ཆེན་ཞིག་ཏུ་ངོས་འཛིན་ཞུ་ཡི་ཡོད། འདི་འདྲའི་འདུ་ཤེས་སྙིང་ཁར་བཅངས་ཏེ་མཐོ་སློབ་འདིས་ཉེ་འཁོར་གྱི་སྤྱི་ཚོགས་དང་དཔལ་འབྱོར་དེ་བཞིན་རིག་གཞུང་གི་འགྱུར་བ་གཏོང་བའི་འགན་འཁུར་ཆེན་པོ་བླངས་དང་ལེན་བཞིན་ཡོད། མཐོ་སློབ་འདིས་གཞན་ཕན་གྱི་རིན་ཐང་རྟོགས་ཐུབ་པ་དང་། དེ་བརྒྱུད་ནས་ཉེ་འཁོར་གྱི་གྲོང་ཚོ་དེ་ཚོའི་ནང་མཐོ་སློབ་འདིའི་ཤུགས་རྐྱེན་ཐེབས་པ་བཟོ་དགོས་ཤིང་། ང་ཚོས་སློབ་མ་རྣམས་ལ་སློབ་སྦྱོང་སྤྲོད་པ་ཙམ་མིན་པར་ཉམས་ཞིབ་ཀྱི་རྩ་བའི་སྒྲོམ་གཞི་དང་། ལས་རིགས་སྣ་ཚོགས་ལ་འཇུག་པའི་སྙིང་སྟབས་སྤེལ་བ། དེ་བཞིན་ལས་གཞི་འདྲ་མིན་སྣ་ཚོགས་སྤེལ་ནས་གོ་རིགས་གསར་པ་སྤེལ་ཐབས་བྱེད་ཀྱི་ཡོད། ང་ཚོས་ཉེ་འཁོར་གྱི་གྲོང་གསེབ་འགའ་ཤས་ཀྱི་ནང་ཡུལ་མིའི་འཚོ་བ་ལ་ཡར་རྒྱས་གཏོང་རྒྱུའི་ཁས་ལེན་ཞུས་པ་ཡིན། ཉེ་འཁོར་ས་ཁུལ་གྱི་མི་དམངས་ཚོའི་འཚོ་བ་ནི་གཙུག་ལག་སློབ་གཉེར་ཁང་འདིའི་ཡར་རྒྱས་དང་གཏན་གཏན་འབྲེལ་བ་ཆགས་ཡོད།

བཟང་སྤྱོོད་དང་འབྲེལ་བའི་བྱེད་སྒོ་སྣ་ཚོགས།

གཙུག་ལག་སློབ་གཉེར་ཁང་འདིའི་ནང་ལ་གཙང་བཟོ་སྡེ་ཚན་དང་། རྐང་འཁོར་སྐོར་བསྐྱོད། ཤིང་སྣ་འདེབས་འཛུགས། ཁྲིམས་ཀྱི་གོ་རྟོགས་སྤེལ་བ་སོགས་བྱེད་ཀྱི་ཡོད་ཅིང་། གཙུག་ལག་སློབ་གཉེར་ཁང་གི་སློབ་གཉེར་བས་འགན་འཁུར་བླངས་ནས་ཁུ་ནུ་དང་ཧི་མ་ཅལ་མངའ་སྡེ་སོགས་ཧི་མ་ལ་ཡའི་རི་བརྒྱུད་དུ་ཟླ་རེའི་ཤེས་ཡོན་གྱི་གོ་རྟོགས་སྤེལ་བ་དང་། དེས་མ་ཚད་སློབ་ཕྲུག་སྐྱོ་པོ་རྣམས་ལ་དེབ་ཆས་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་འགྲེམས་སྤེལ་བྱེད་པ་དང་སློབ་གྲྭ་གཞན་ལའང་རོགས་པ་བྱེད་ཀྱི་ཡོད།

དཀའ་ཉེན་ཆེ་བའི་སྐབས་སུ་རོགས་རམ་བྱེད་པ།

ཆུ་ལོག་བརྒྱབ་ནས་ཡུལ་ལུང་ལ་དཀའ་ངལ་འཕྲད་པའི་སྐབས་སུ་ཀོ་ཤོའི་ཆུ་ལོག་ཉེན་སྐྱོབ་ཚོགས་པ་ཞེས་པ་ཞིག་བཙུགས་ནས་གཙུག་ལག་སློབ་གཉེར་ཁང་གི་ལས་བྱེད་དང་སློབ་ཕྲུག་ཡོངས་ཀྱིས་དངོས་ཤུགས་བརྒྱུད་གསུམ་ནས་རོགས་རམ་བྱས་ཏེ་གྲོང་གསེབ་ཆ་ཚང་བསྐྱར་བསྐྲུན་བྱས། གཞན་ཡང་སློབ་གྲྭ་འདི་ལ་བདེ་དོན་ལྷན་ཚོགས་དང། དྭང་བླང་ཚོགས་པ། ནི་ཝར་ན་སློབ་གཉེར་བའི་ཚོགས་པ་སོགས་ཀྱིས་གཙུག་ལག་སློབ་གཉེར་ཁང་གི་ཉེ་འགྲམ་གྱི་ས་གནས་མི་དམངས་སྐྱོ་པོ་རྣམས་ལ་རོགས་རམ་བྱས་དང་བྱེད་བཞིན་ཡོད།

གྲོང་གསེབ་ཁག་ལ་གཟིགས་སྐྱོང་།

སྤྱི་ཚོགས་ཞབས་ཞུའི་འགན་ཁུར་དེ་གཙུག་ལག་སློབ་ཁང་གི་ལས་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་པཱ་ཏི་ཝན་དང་བྷི་ཤོའི་རིའི་ཞེས་པའི་གྲོང་གསེབ་ཁག་གཉིས་བདག་པོ་བརྒྱབ་ཡོད་ཅིང་། གྲོང་གསེབ་འདི་གཉིས་ནང་གནས་པའི་མི་མང་ཡོངས་ཀྱི་འཚོ་བའི་གནས་ཚད་ཡར་རྒྱས་གོང་འཕེལ་ཆེད་བཏུང་ཆུའི་མཐུན་རྐྱེན་སྦྱར་བ་དང་། གཙང་སྦྲ་འཕྲོད་བསྟེན་ཡར་རྒྱས་གཏོང་བ། དེ་བཞིན་གྲོང་གསེབ་ཀྱི་ཉེ་འཁོར་དུ་ཤིང་སྣ་འདེབས་འཛུགས་བྱས་པ་དང་། ཟས་རིགས་རིན་མེད་དུ་འགྲེམས་པ། ཤེས་ཡོན་ཡར་རྒྱས་ཀྱི་ཆེད་དུ་སློབ་མ་རྣམས་ལ་དེབ་ཆས་དང་སྨྱུ་གུ་སོགས་ཀྱི་དགོས་མཁོ་བསྐངས་ཐུབ་པ་བྱུང་ཡོད།

དཔལ་འབྱོར་གྱི་རོགས་སྐྱོར།

གཙུག་ལག་སློབ་གཉེར་ཁང་གིས་སྤྱི་ཚོགས་ཀྱི་བདེ་དོན་དང་འགན་འཁུར་གྱི་ངོ་བོ་རྟོགས་ནས་ངེད་གཙུག་ལག་སློབ་ཁང་གི་ལས་སྣེ་དང་། འཛིན་སྐྱོང་། ལས་བྱེད་དང་སློབ་ཕྲུག་བཅས་ཐུན་མོང་ནས་ཞལ་འདེབས་གང་ཡོང་བསྡུས་ནས་ཕྱི་མི་སྐྱབས་བཅོལ་བ་རྣམས་ལ་ཁ་ལག་དང་ཆུ། དེ་བཞིན་ལྷམ་ལ་སོགས་པའི་མཐུན་རྐྱེན་སྦྱར་ཡོད།

བདག་མེད་གྲོང་ཁྱེར་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གཏམ་གླེང་བ།

ཏོག་དབྱིབས་ནད་ཡམས་ཀྱི་སྐབས་སུ་ས་གནས་གཞན་ནས་གནས་སྤོ་བྱས་པའི་ལས་མི་རྣམས་ཀྱི་དཀའ་སྡུག་དང་ན་ཟུག་སེལ་ཐབས་སླད། གཙུག་ལག་སློབ་གཉེར་ཁང་གི་རིགས་བདག་མཆོག་གིས་འགན་འཁུར་བླངས་པའི་ཐོག་འཕྲལ་དུ་ཉེ་འཁོར་གྱི་གྲོང་གསེབ་ཚོར་རོགས་རམ་རྒྱ་ཆེ་ཞུས་ཡོད།

ཏོག་དབྱིབས་གཉན་རིམས་ལ་གདོང་ལེན།

ཏོག་དབྱིབས་ནད་ཡམ་སྐབས་སུ་གཙུག་ལག་སློབ་གཉེར་ཁང་གིས་སྣེ་འཁྲིད་དེ་ནད་ཡམས་ཀྱི་ཟིང་ཆ་ཞི་ཐབས་སུ་ནད་པ་རྣམས་ལ་ཟས་རིགས་དང་། སྨན། དེ་བཞིན་མལ་ཆས་ལ་སོགས་ཀྱི་མཐུན་རྐྱེན་སྦྱར་ཡོད།

ཐབས་ལམ་འདྲ་མིན་གྱི་སྒོ་ནས་རྒྱལ་ཁབ་ལ་སྲི་ཞུ།

གོ་རྟོག་སྤེལ་རྒྱུ་འདི་ང་ཚོའི་གཡོལ་ཐབས་མེད་པའི་ལས་འགན་ཡིན་དུས།  གཙུག་ལག་སློབ་གཉེར་ཁང་གི་དགེ་ལས་རྣམས་ནས་ཉིན་གཅིག་གི་གླ་ཆ་ཞལ་འདེབས་སུ་ཕུལ་ནས་ཁྱོན་བསྡོམས་སྒོར་མོ་འབུམ་ལྔ་ཞལ་འདེབས་བརྒྱབ་པ་རེད།

རང་འགན་རང་འཁུར་གྱི་སློབ་སྟོན།

གཙུག་ལག་སློབ་གཉེར་ཁང་གི་དགེ་ལས་སློབ་གཉེར་བ་ཡོངས་ནས་སློབ་གྲྭའི་འཁོར་ཡུག་གཙང་བཟོ་བྱས་པ་དང་། འཁྲུས་ཁང་གསང་སྤྱོད་གཙང་མ་བཟོས་པ། སྐྱེས་མོས་ཚལ་དང་མེ་ཏོག་ལ་ཆུ་བླུགས་པ། ལམ་ཁ་རྣམས་གཙང་མ་བཟོས་པ། དེ་བཞིན་གཙུག་ལག་སློབ་གཉེར་ཁང་གི་ཁོར་ཡུག་ཡོངས་སུ་རྫོགས་པར་དུག་སེལ་བྱས་ཏེ་འགྲོ་བ་མི་རྣམས་བདེ་ཐང་ལ་གནས་ཐབས་ཆེད་འབད་རྩོལ་ལྷོད་མེད་ཞུས་ཡོད།

འཕྲུལ་ཆས་བརྒྱུད་ནས་སློབ་ཁྲིད།

དགེ་རྒན་རྣམས་ཀྱི་དྲ་ལམ་ཐོག(Zoom,MS-Meet,Google Class)བེད་སྤྱོད་བྱས་ནས་འཛིན་གྲྭ་འཚོགས་པ་དང་། དེ་བཞིན་ལས་བྱེད་གཞན་རྣམས་ཀྱིས་ཀྱང་(ICT)བེད་སྤྱོད་བྱས་ནས་ཉིན་ལྟར་ཆུ་ཚོད་གཅིག་རིང་སློབ་ཁྲིད་བྱས་པ་དང་། སློབ་གྲྭའི་འཛིན་སྐྱོང་གི་ངོས་ནས་དྲ་ཐག་(Cisco WebEx) ལ་ཟླ་བ་གཉིས་རིང་བེད་སྤྱོད་བྱས་ཆོག་པའི་གནང་བ་སྩལ་ནས་དགེ་རྒན་རྣམ་པའི་སློབ་ཁྲིད་ཀྱི་དགོས་མཁོ་བསྐངས་པ་རེད། ད་ལྟ་ཡང་གོང་བཀོད་དྲ་ཐག་འདི་དྲ་ལམ་སློབ་ཁྲིད་ཁག་ལ་བེད་སྤྱོད་གཏོང་བཞིན་ཡོད།

རིག་རྩལ་དང་བཟང་མཐར་མྱོང་རོལ་བྱེད་པ།

ཕྱི་ལོ་༢༠༢༠ ལོའི་ཟླ་༥ ཚེས་༢༥ ཉིན་༸པཎ་ཆེན་རིན་པོ་ཆེ་མཆོག་དགུང་ལོ་ཉི་ཤུ་རྩ་ལྔ་འཁོར་བའི་སྐུ་ཡི་འཁྲུངས་སྐར་སྲུང་བརྩི་ཞུ་བ་དང་སྟབས་བསྟུན་ནས་ས་གནས་སུ་བཞུགས་ཡོད་པའི་སློབ་གཉེར་བ་རྣམས་ཀྱིས་དགའ་དད་སྤྲོ་གསུམ་གྱི་ངང་ནས་རི་མོ་དང་ཡིག་གཟུགས་འགྲན་བསྡུར་བྱས་པ་མ་ཟད་ཁོང་རྣམ་པའི་སྒྱུ་རྩལ་དེ་དག་འགྲེམས་སྟོན་བྱས།

གནང་དེང་ཟུང་སྦྲེལ་ཐོག་གསོ་རིག་སྨན་བཅོས་གསར་བཏོད།

གསོ་བ་རིག་པ་ནི་སྨན་བཅོས་ཀྱི་ཐོག་ཉམས་ཞིབ་གཞི་རྩར་བཞག་པའི་སྡེ་ཚན་ཞིག་ཡིན་ཞིང་། མཐོ་སློབ་འདིའི་ཡན་ལག་ཅིག་ཆགས་ཡོད། གསོ་བ་རིག་པའི་སྨན་རྩ་བེད་སྤྱོད་བྱས་ནས་ལུས་ཟུངས་མ་ལག་ལ་ཕན་ཐོགས་ཧ་ཅང་གི་ཆེ་བའི་ཐང་དང་ཇ་བཟོ་བཞིན་ཡོད་ལ། སྲོལ་རྒྱུན་གྱི་སྨན་རྩ་བེད་སྤྱད་ནས་ཁཱ་ཏཱ་ཞེས་པའི་སྨན་ཞིག་གསར་དུ་བཟོས་ཤིང་། དེས་མིའི་ལུས་ཟུངས་མ་ལག་གི་སྟོབས་རྒྱས་པར་བྱེད་ཀྱི་ཡོད། དེ་བཞིན་ཕྱེ་མ་བེད་སྤྱོད་ནས་དྲི་ཞིམ་བསངས་ལ་སོགས་པའི་སྨན་རྩས་ཁ་རླུང་གཙང་མ་ཉར་ཐུབ་པའི་ཕན་རླབས་ཆེ་པོ་བསྐྲུན་ཡོད།

ལྷག་བསམ་རྒྱུན་བསྲིངས།

བདེ་ཐང་གི་འཚོ་ཐབས་ཡར་རྒྱས་དང་། འཕྲོད་བསྟེན་ཡར་རྒྱས། གོ་རྟོགས་སྤེལ་བའི་ལས་འཆར། ཁོར་ཡུག་གཙང་མ་ཉར་རྒྱུ་བཅས་ཀྱི་ཆེད། གཙུག་ལག་སློབ་གཉེར་ཁང་གིས་དུས་རྟག་ཏུ་སེམས་ཤུགས་བརྟན་པོས་ ལམ་སྟོན་དང་འབད་རྩོལ་བྱས་ཏེ་མདུན་དུ་བསྐྱོད་ཀྱི་ཡོད།